དཔེ་ཚོགས་འདིར་ཁྱོན་བསྡོམས་དེབ་བཅུ་ཡོད་ལ། བོད་ཀྱི་དམངས་ཁྲོད་ལ་གཞས་གཉིས་སྟོང་བདུན་བརྒྱ་ལྷག་འདེམ་སྒྲིག་བྱས་ཡོད། ལ་གཞས་ནི་བོད་ཀྱི་རོང་འབྲོག་གཉིས་ལས་འབྲོག་ཕྱོགས་ཀྱི་འཚོ་བའི་ཁྲོད་དུ་དར་ཁྱབ་ཆེ་ཞིང་། དཔེ་ཚོགས་འདིར་གླུ་ལེན་མཁན་གྱི་ལུས་རྟེན་ཕོ་མོ་མི་འདྲ་བར་གཞིགས་ཏེ། “སྐྱེས་པའི་ལ་གཞས”དང“སྐྱེས་མའི་ལ་གཞས”གཉིས་སུ་ཕྱེས་འདུག འདིར་འདེམ་སྒྲིག་བྱུང་པའི་ལ་གཞས་ཕལ་མོ་ཆེར་ལ་གཞས་གཏོང་ལེན་གྱི་མགོ་ཚུགས་པ་ནས་མཇུག་བསྡུ་བའི་བརྒྱུད་རིམ་མམ་རྣམ་པ་ཆ་ཚང་ཚུད་ཡོད་ལ། བརྗོད་བྱའི་དོན་གྱི་ཆ་ནས་ན་གཞོན་ཕོ་མོའི་བར་གྱི་ལྷད་མེད་བརྩེ་བ་མཚོན་ཞིང་། རྗོད་བྱེད་ཚིག་གི་ཐད་ནས་སྣང་བརྙན་གསལ་ཞིང་གསོན་ཉམས་ལྡན།
