ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནི་སྤྱི་ལོ1957ལོའི་ཟླ་དང་པོར་བཙུགས་ཤིང་། ཀན་སུའུ་ཞིང་ཆེན་ནང་ཁུལ་གྱི་ཆེས་སྔ་བའི་ས་གནས་ཕྱོགས་བསྡུས་རང་བཞིན་ཅན་གྱི་དཔེ་སྐྲུན་ཁང་ཡིན་པར་མ་ཟད། ཞིང་ཆེན་ནང་ཁུལ་གྱི་བོད་ཡིག་འོས་ཐོབ་མངའ་བའི་དཔེ་སྐྲུན་ཁང་གཅིག་པུ་ཡང་ཡིན། ད་ལྟའི་ཆར་ཀློག་པ་པོ་སྨྱན་སྦྱོར་མ་རྐང་དཔེ་སྐྲུན་ཚད་ཡོད་ཀུང་སིའི་ཡན་ལག་ཏུ་གྱུར་ཡོད་པ་དང་། འདིར་རྒྱ་ཡིག་རྩོམ་སྒྲིག་ཁང་དང་བོད་ཡིག་རྩོམ་སྒྲིག་ཁང་། གལ་ཆེའི་ལས་གཞི་ལས་སྒྲུབ་ཁང་། སྨྱན་སྦྱོར་ཁང་། ཁྲོམ་གཉེར་ཚོང་སྒྲུབ་ཁང་། ཕྱོགས་བསྡུས་ལས་སྒྲུབ་ཁང་བཅས་དྲུག་ཡོད།
ངེད་དཔེ་སྐྲུན་ཁང་བཙུགས་པ་ནས་བཟུང་། ཏང་སྲིད་དྲིལ་སྒྲོག་དང་། མི་རིགས་རིག་གནས་དར་སྤེལ་དམིགས་གཞིར་བཟུང་སྟེ། རྒྱ་བོད་གཉིས་ཀྱི་དཔེ་ཆ་སྣ་ཚོགས་དཔར་སྐྲུན་གང་ལེགས་བགྱིས་ཤིང་། ད་ལྟ་ས་གནས་ལོ་རྒྱུས་དང་ལོ་གསལ་མེ་ལོང་། ཏུན་ཧོང་རིག་པ། གནའ་དཔེའི་ཡིག་ཚང་། རིག་རྫས་རྟོག་ཞིབ་རིག་པ། རིག་གནས་ལོ་རྒྱུས་སོགས་བོད་རིག་པ་དང་མི་རིགས་རིག་པའི་ཁྱབ་ཁོངས་སུ་གྱུར་པའི་རིག་ཚན་སྐོར་གྱི་འབྲེལ་ཡོད་ནང་དོན་དང་། གཞན་སྦྱང་གཞི་ལྷན་ཐབས་དང་ཐུན་མོང་ཀློག་དེབ་སོགས་དཔེ་སྐྲུན་བྱེད་པར་མངོན་གསལ་དོད་པའི་ཁྱད་ཆོས་ཀྱིས་ཕྱུག་ཡོད།
སྔ་ཕྱིར་རྒྱལ་ཁབ་རིམ་པའི་ལོ་ལྔའི་གལ་ཆེའི་དཔེ་ཆ་དཔེ་སྐྲུན་གྱི་ལས་གཞི་དང་། རྒྱལ་ཁབ་ཐེབས་རྩའི་དཔེ་སྐྲུན་ལས་གཞི། སྤྱི་ལོ2013ནས2025ལོའི་བར་རྒྱལ་ཁབ་ཀྱི་ཚིག་མཛོད་རྩོམ་སྒྲིག་ལས་གཞི་སོགས་ལས་གཞི་རིགས30ལྷག་འགན་ལེན་བྱས་པར་མ་ཟད། ད་དུང་དཔེ་དེབ100ལྷག་ལ་ཀྲུང་གོའི་དཔེ་ཆའི་གཟེངས་རྟགས་དང་། ཀྲུང་ཧྭའི་ཕུལ་བྱུང་དཔེ་སྐྲུན་གཟེངས་རྟགས། ཀྲུང་གོའི་དཔེ་སྐྲུན་སྲིད་གཞུང་གཟེངས་རྟགས་སོགས་རྒྱལ་ཁབ་རིམ་པའི་དཔེ་ཆེའི་གཟེངས་རྟགས་སྣ་ཚོགས་ཐོབ་མྱོང་། མདོར་ན་དཔེ་སྐྲུན་ཁྱད་ཆོས་ཅུང་འབུར་དུ་ཐོན་ཞིང་། སྣ་སྒོ་མོའི་ནུས་རྩལ་འཛོམས་པའི་ས་གནས་རང་བཞིན་གྱི་དཔེ་སྐྲུན་ཁང་ཞིག་ཡིན།
དུས་རབས་གསར་པའི་ནང་དུ་ངེད་དཔེ་སྐྲུན་ཁང་གི་ལས་མི་ཀུན་གྱིས་ཐོག་མའི་སེམས་འདུན་མ་བོར་པར་འབད་བརྩོན་ལྷོད་མེད་ངང་མདུན་དུ་སྐྱོད་བཞིན་ལས་འགན་བརྟན་སྲུང་དང་། ཡང་དག་པའི་ཆབ་སྲིད་ཀྱི་ལྟ་དགོངས་རྒྱུན་འཁྱོངས། ཀྲུང་ཧྭ་མི་རིགས་ཀྱི་འདུ་ཤེས་གཅིག་གྱུར་བརྟན་སྲུང་སྒོས་ཏང་སྲིད་དྲིལ་སྒྲོག ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་དར་སྤེལ་དང་རྒྱུན་འཛིན་བྱས་ཏེ། ཀྲུང་གོའི་ཕུལ་བྱུང་རིག་གནས་ལ་རང་བདག་རང་འཁྲི་ཐུབ་པའི་ཆེད་ལས་ཀྱི་དགེ་མཚན་འདོན་སྤེལ་དང་། དཔེ་སྐྲུན་འདུ་ཤེས་རྒྱུན་འཁྱོངས་གང་ལེགས་ཀྱིས་ཀློག་པ་པོ་དག་ལ་ཕུལ་དུ་བྱུང་བའི་རིག་གནས་ཀྱི་ཐོན་རྫས་འདོན་སྤྲོད་བྱེད་མུས་སུ་ཡོད་པར་མ་ཟད། དཔེ་སྐྲུན་པ་ཞིག་གི་འགན་ཁུར་དང་འོས་འགན་ཅི་ལྕོགས་ཀྱི་སྒོ་ནས་སྒྲུབ་ཀྱིན་ཡོད།