དེབ་འདི་ནི་སྤུ་རྒྱལ་བཙན་པོའི་རྒྱལ་སྲིད་འཇིག་པའི་རྒྱུ་རྐྱེན་དང་བརྒྱུད་རིམ་ལ་ཞིབ་འཇུག་བྱས་པའི་དཔྱད་འབྲས་ཞིག་སྟེ། རྒྱལ་རབས་རིམ་བྱོན་གྱི་ཐོག་མའི་གནས་སྐབས་དང་བར་གྱི་གནས་སྐབས། ཐ་མའི་གནས་སྐབས་གསུམ་དུ་དབྱེ་ནས་དཔྱད་པ་བཏང་འདུག ཐོག་མའི་གནས་སྐབས་ནི་བྲན་དབས་གཉིས་ཞེ་འཁོན་དྲག་པོའི་དབང་ལ་ཤོར་ནས་ཆབ་སྲིད་ཀྱི་དབང་ཆ་འཕྲོག་རེས་བྱེད་པ་ནས་འགོ་ཚུགས་པ་དང་། རིམ་བཞིན་ཆོས་བློན་རྣམས་དང་ཁྱིམ་རྒྱུད་རྙིང་བ་དབང་ཤུགས་ཅན་གྱི་བློན་པོ་ཚོའི་བར་གྱི་དབང་ཆ་འཕྲོག་རེས་བྱེད་པའི་འཐབ་རྩོད་ཀྱི་ངོ་བོར་གྱུར་པ། བར་གྱི་གནས་སྐབས་ནི་དབས་སྟག་སྙ་སོགས་ཀྱིས་བཙན་པོ་ཁྲི་གཙུག་ལྡེ་བཙན་སྐུ་བཀྲོངས་ནས་རྒྱལ་ཁྲིམས་བཤིག་པ་ནས་འགོ་ཚུགས་པ་དང་། རིམ་བཞིན་རྒྱལ་བོ་འུ་དུམ་བཙན་པོའི་སྲིད་ཀྱི་དབང་ཆ་གཙོ་བོ་བློན་ཆེན་པོའི་ལག་ཏུ་ཤོར་ནས་མིང་སྟོང་གི་བཙན་པོ་ཞིག་ཏུ་གྱུར་བའི་བར་སྐབས་ཡིན། ཐ་མའི་གནས་སྐབས་ནི་འོད་སྲུང་དང་ཡུམ་བརྟན་ཕྱོགས་གཉིས་སུ་གྱེས་ནས་དབུ་གཡོར་ནང་འཁྲུག་བྱུང་བ་ནས་འགོ་ཚུགས་པ་དང་། རིམ་བཞིན་དཔུང་སྟོབས་ཆེ་བའི་གྱེན་ལོག་པ་དག་གིས་བོད་ཆེན་པོའི་མངའ་རིས་དུམ་བུར་བགོས་ནས་སྤུ་རྒྱལ་གྱི་སྲིད་དབང་རྩ་བ་ནས་ཉམས་དམས་སུ་གྱུར་པའི་ཚུལ་ལ་དཔྱད་པ་བཏང་འདུག
