བོད་ཀྱི་ལེགས་བཤད་ཕྱོགས་བསྒྲིགས་ཀྱི་བསྟན་བཅོས་ཆེན་མོ་འདིའི་ནང་། དུས་རབས་རིམ་བྱུང་གི་ས་དགེ་བཀའ་རྙིང་བོན་དང་བཅས་པའི་མཁས་དབང་རིམ་བྱོན་བརྒྱ་ཕྲག་གཅིག་ལྷག་གི་ཞལ་གདམས་དང་བསླབ་བྱས་གཙོས་པའི་ལེགས་བཤད་ཀྱི་བསྟན་བཅོས་ཉིས་བརྒྱ་དྲུག་ཅུ་ལྷག་བསྡུས་ཡོད་པ་དང་། དེ་རྨང་གཞི་བྱས་པའི་ཐོག་ནས་ད་དུང་བསྟན་འགྱུར་ལས་ལུགས་ཀྱི་བསྟན་བཅོས་ཁག་བརྒྱད་པོ་ཡང་འདིའི་ནང་བསྡུག་སྒྲིག་བྱས་ཡོད། སྤྱིར་རྩོམ་རིག་གི་གྲུབ་དོན་ཡིག་བཞག་གང་ཞིག་ཡིན་ཀྱང་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་ངེས་ཅན་ཞིག་གི་ནང་བྱུང་བས། དེའི་རྒྱུ་རྐྱེན་གྱི་འབྲེལ་བའི་ཆ་ནས་བལྟས་ན། སྐབས་དེའི་སྤྱི་ཚོགས་ཀྱི་ངོ་བོ་མཐོང་ཞིང་གནས་ཚུལ་རྟོགས་པའི་མེ་ལོང་ཤ་སྟག་ཏུ་གྱུར་འདུག་པ་ཆོས་ཉིད་དུ་གྲུབ་ཡོད་ཕྱིར། འདིར་ཡང་ང་ཚོས་གནས་ལུགས་དེར་ཁུངས་བཅོལ་ནས་ལེགས་བཤད་སྒྲིག་སྟངས་ཀྱི་རིམ་པ་གཙོ་བོ་སྤྱི་ཚོགས་ཀྱི་ངོ་བོ་དང་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ལ་དམིགས་ཏེ། དང་པོ། བཙན་པོའི་རྒྱལ་རབས་སྔ་མའི་དུས་སྐབས་ནང་བྱུང་བའི་ཞལ་གདམས་ལེགས་བཤད་སོགས་ཀྱི་སྐོར་དང་། གཉིས་པ། བཙན་པོའི་རྒྱལ་རབས་ཕྱི་མའི་དུས་སྐབས་ནང་བྱུང་བའི་ཞལ་གདམས་ལེགས་བཤད་སོགས་ཀྱི་སྐོར། གསུམ་པ། བསྟན་འགྱུར་ཡིག་བཞག་ནང་བྱུང་བའི་མི་ཆོས་གནས་ལུགས་ཀྱི་བསྟན་བཅོས་དང་བསླབ་བྱའི་སྐོར། བཞི་བ། སྲིད་འཛིན་སིལ་མའི་འཕོ་འགྱུར་དུས་སྐབས་ནང་བྱུང་བའི་ཞལ་གདམས་ལེགས་བཤད་སོགས་ཀྱི་སྐོར། ལྔ་བ། སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་བའི་ནང་བྱུང་བའི་ཞལ་གདམས་ལེགས་བཤད་སོགས་ཀྱི་སྐོར་ཏེ། ལོ་རྒྱུས་ཀྱི་དུས་སྐབས་དང་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་མི་འདྲ་བ་ཁག་བཞི་དང་། ཏུན་ཧོང་ཡིག་རྙིང་དང་། བསྟན་འགྱུར། གསུང་འབུམ་སོགས་ཡིག་བཞག་མི་འདྲ་བ་ཁག་བཞིའི་ནང་བྱུང་བའི་ཞལ་གདམས་ལེགས་བཤད་སོགས་དུས་རབས་སྔ་ཕྱིའི་ཆ་ནས་ཁག་བགོས་ཀྱིས་སོ་སོར་བསྒྲིགས་ཡོད།
