དཔེ་ཆ་འདི་ནི་ཇོ་ནང་ཏཱ་ར་ནཱ་ཐའི་མཛད་རྣམ་ལ་ཆེད་དུ་ཞིབ་འཇུག་བགྱིས་པའི་དཔྱད་འབྲས་ཞིག་ཡིན། ལེའུ་དང་པོར་སྐབས་དེའི་བོད་ཀྱི་སྤྱི་ཚོགས་གནས་བབ་དང་ཏཱ་ར་ནཱ་ཐའི་ཁྱིམ་རྒྱུད། རྗེ་བཙུན་དམ་པ་ཞེས་པའི་མཚན་ཇི་ལྟར་ཐོགས་ཚུལ་ཞིབ་འཇུག་བྱས་འདུག ལེའུ་གཉིས་པར་ཏཱ་ར་ནཱ་ཐའི་བྱིས་དུས་ཀྱི་འཚོ་བ་དང་སློབ་སྦྱོང་གི་གནས་སྟངས། ཇོ་ནང་སྤྲུལ་སྐུར་ངོས་འཛིན་བྱུང་བའི་རྒྱུ་རྐྱེན་བཅས་ལ་ཞིབ་འཇུག་བྱས་འདུག ལེའུ་གསུམ་པར་ཏཱ་ར་ནཱ་ཐའི་ཆོས་བརྒྱུད་རིས་མེད་ཀྱི་བླ་མ་གང་དག་བསྟེན་ཚུལ་དང་བུ་སློབ་བསྐྱངས་ཚུལ་སོགས་བརྗོད་འདུག ལེའུ་བཞི་པར་ཏཱ་ར་ནཱ་ཐའི་མཛད་འཕྲིན་ལས་འཕྲོས་ཏེ་ཏཱ་ར་ནཱ་ཐ་དང་གཙང་པ་རྒྱལ་བོའི་བར་གྱི་འབྲེལ་བ། གཙང་པ་རྒྱལ་བོ་ཀརྨ་ཕུན་ཚོགས་རྣམ་རྒྱལ་གྱིས་དབུ་བླར་བཀུར་ཚུལ། ཇོ་ནང་གྲུབ་མཐའ་སླར་གསོ་བྱས་ཏེ་མདོ་སྨད་དུ་བསྟན་པ་སྤེལ་ཚུལ། རྒྱ་གར་གྱི་སློབ་དཔོན་གང་དག་བསྟེན་ཏེ་བཀའ་བསྟན་གང་ཞིག་བོད་ཡིག་ཏུ་བསྒྱུར་པ། དུས་མཉམ་མཁས་གྲུབ་རྣམས་ཀྱིས་བརྩི་བཀུར་དང་བསྟོད་བསྔགས་ཕུལ་ཚུལ་སོགས་བརྗོད་ཡོད། ལེའུ་ལྔ་བར་ཏཱ་ར་ནཱ་ཐ་དང་འབྲེལ་བའི་དོགས་གཞི་འགའ་སྟེ། ཏཱ་ར་ནཱ་ཐ་དང་སོག་པོའི་བར་གྱི་འབྲེལ་བ། ཏཱ་ར་ནཱ་ཐ་སོག་ཡུལ་དུ་ཕེབས་མིན་དང་དེར་སྐུ་འདས་ཡོད་མེད། ཏཱ་ར་ནཱ་ཐ་དང་ཁལ་ཁ་རྗེ་བཙུན་དམ་པ་སྐུ་འཕྲེང་དང་པོ་གཉིས་ཀྱི་འབྲེལ་བ། ཏཱ་ར་ནཱ་ཐ་དང་རྒྱལ་དབང་ལྔ་བ་གཉིས་ཀྱི་འབྲེལ་པ། སྨོན་འགྲོ་ལོ་ཙཱ་པ་ཚེ་དབང་དོན་གྲུབ་ཡབ་སྲས་ཀྱིས་ཏཱ་ར་ནཱ་ཐ་དང་རྒྱལ་དབང་ལྔ་བ་གཉིས་ཀྱི་བར་འགལ་བ་བསླངས་ཡོད་མེད། ཏཱ་ར་ནཱ་ཐ་དང་སྨོན་འགྲོ་གཉིས་ཀྱི་འབྲེལ་བ། རྟག་བརྟན་དམ་ཆོས་གླིང་གི་དགོན་མིང་ཇི་ལྟར་བསྒྱུར་ཚུལ་སོགས་ལ་ལོ་རྒྱུས་ཡིག་ཆ་གོང་བསྡུར་ཏེ་དཔྱད་པ་བྱས་འདུག
