དཔེ་ཆ་འདི་ནི་དབྱིན་ཡིག་ནས་བོད་ཡིག་ཏུ་སྒྱུར་སྒྲིག་བྱས་པའི་ན་ཆུང་བྱིས་པའི་རིག་གནས་ཀུན་འདུས་ཀྱི་ཀློག་དེབ་ཅིག་ཡིན་ལ། གསོན་ཉམས་ལྡན་ཞིང་མཚར་སྣང་གིས་ཕྱུག་པའི་བརྗོད་བྱའི་དོན་དང་། ཁ་གསལ་ཞིང་གོ་བདེ་བའི་རྗོད་བྱེད་ཚིག་གི་ལམ་ནས། སྲོག་ཆགས་ནི་ཅི་ཞིག་ཡིན་པ་གསལ་བཤད་བྱས་ཡོད་པར་མ་ཟད། ཀློག་པ་པོ་ཆུང་ཆུང་ཚོའི་སྣེ་ཁྲིད་ནས། འོ་འཐུང་སྲོག་ཆགས་དང་སྒལ་ཚིགས་སྲོག་ཆགས། གོག་འགྲོའི་སྲོག་ཆགས། སྦལ་བ་ལྟ་བའི་སྐམ་མཚོ་གཉིས་ཀར་འཚོ་བའི་སྲོག་ཆགས་སོགས་སྲོག་ཆགས་རིགས་མི་འདྲ་བ་མང་བོར་ཤེས་རྟོགས་དང་། དེ་དག་གིས་ཅི་ཞིག་ཟ་བ། གང་དུ་འཚོ་བ། འགུལ་སྐྱོད་ཇི་ལྟར་བྱེད་པ་སོགས་ལ་རྒྱུས་ལོན་བྱ་ཐུབ། གཞན་སྲོག་ཆགས་ལ་རྒྱུས་ལོན་བྱེད་པའི་ཐབས་ལམ་ཡང་མང་བོ་མཁོ་འདོན་བྱས་ཡོད། མདོར་ན། དེབ་འདི་ནི་བྱིས་པའི་ཀློག་འདོན་གྱི་ཁྱད་གཤིས་དང་བསྟུན་ནས་རྩོམ་སྒྲིག་བྱས་ཤིང་། རི་མོ་དང་ཡི་གེ་གཉིས་ཀྱི་ལམ་ནས་མངོན་པས། ལོ་དྲུག་ཡན་གྱི་རང་ཚུགས་ངང་དཔེ་ཀློག་བྱེད་ཐུབ་པའི་བྱིས་པའམ། ཡང་ན་ཕ་མ་དང་ཕྲུ་གུས་མཉམ་དུ་ཀློག་པར་འཚམ་པའི་སློབ་ཕྱིའི་ཀློག་དེབ་ཅིག་ཡིན་ནོ། །
