བཀའ་མ་མཁའ་འབུམ་ལགས་ཀྱིས་གཙོ་སྒྲིག་བྱས་པའི《བོད་ཀྱི་ལོ་ཆུང་བྱིས་པའི་གླུ་གཞས་ཀུན་བཏུས》ཞེས་བྱ་བ་འདིའི་བརྗོད་བྱའི་ཆ་ནས་དབྱེ་ན། ཁག་དང་བོ་བྱིས་གླུ་དང་། ཁག་གཉིས་པ་ལས་གླུ། ཁག་གསུམ་པ་དམངས་གླུ། ཁག་བཞི་བ་དྲིས་གླུ། ཁག་ལྔ་བ་གཏམ་དཔེ། ཁག་དྲུག་པ་གབ་ཚིག ཁག་བདུན་པ་བཤད་པ་བཅས་དོན་ཚན་བདུན་གྱིས་གྲུབ་ཡོད་ལ། འདིར་བསྡུས་པའི་བྱིས་པའི་གླུ་གཞས་ཚང་མ་དམངས་ཁྲོད་ནས་བསྡུས་པ་རྐྱང་རྐྱང་ཡིན་པས་བརྗོད་བྱའི་རྐང་ཟབ་ཅིང་། མར་དྲི་རྩམ་དྲི་ངང་གིས་འཐུལ་བ་དང་མི་རིགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པ་ཤ་སྟག་ཡིན། དེབ་འདི་ལ་ད་དུང་ཁྱད་ཆོས་གཞན་ཞིག་ཡོད་པ་ནི། ཀ་ངོ་ཡིག་ངོ་ཆོད་པའི་མི་སུ་ཞིག་ཡིན་ཡང་ཀློག་བདེ་བ་དང་། དེར་མ་ཟད་བོད་ཀྱི་བྱིས་པའི་རྩོམ་རིག་ལ་ཞིབ་འཇུག་དང་མྱོང་རོལ་བྱེད་འདོད་པ་རྣམས་ལ་མཚོན་ན་ཡང་རྒྱུ་ཆ་ཕུན་སུམ་ཚོགས་པ་ཞིག་མཁོ་འདོན་བྱས་ཡོད་དོ། །
