དཔེ་ཆ་འདི་ནི་དབྱིན་ཡིག་ནས་བོད་ཡིག་ཏུ་སྒྱུར་སྒྲིག་བྱས་པའི་ན་ཆུང་བྱིས་པའི་རིག་གནས་ཀུན་འདུས་ཀྱི་ཀློག་དེབ་ཅིག་ཡིན། དེབ་ཧྲིལ་བོར་ངེད་ཅག་འཚོ་བར་སྟབས་བདེ་བསྐྲུན་པའི་དེང་རབས་ཀྱི་ལག་ཆ་དང་གསར་གཏོད་རྣམ་པ་སྣ་ཚོགས་ཤིག་ངོ་སྤྲོད་བྱས་ཡོད་དེ། དཔེར་ན། ཁྱིམ་ཚང་འཁོར་བའི་ཁྲོད་ཀྱི་རྒྱུན་སྤྱོད་ཡོ་བྱད་སྣ་ཚོགས་དང་། གློག་ཆས། འགྲུལ་བཞུད་ཁྲོད་རྒྱུན་དུ་སྤྱོད་པའི་འགྲིམ་འགྲུལ་ཡོ་བྱད་སྣ་ཚོགས་འཁོར་སྐྱོད་བྱེད་པའི་རྩ་བའི་རིགས་པ་དང་། ཡོ་བྱད་སྣ་ཚོགས་བཟོ་བྱེད་ཀྱི་རྒྱུ་ཆ། དེ་བཞིན་ཁང་བ་དང་། ཕུག་ལམ། ཟམ་པ་སོགས་ཇི་ལྟར་ཇུས་འགོད་དང་བཟོ་སྐྲུན་བྱེད་པ་སོགས་ངོ་སྤྲོད་བྱས་ཡོད། དེབ་ཧྲིལ་བོར་གསོན་ཉམས་ལྡན་ཞིང་ཡིད་དབང་འགུག་པའི་རྗོད་བྱེད་ཚིག་གིས་དེང་རབས་ཡོ་བྱད་ཀྱི་ཚན་རིག་གི་རྩ་བའི་རིགས་པ་ཁྱབ་གདལ་དུ་བཏང་ཡོད་པས། ན་ཆུང་བྱིས་པ་ཚོས་ཚན་རིག་གི་ཤེས་བྱ་འཚོལ་ཞིབ་བྱེད་པའི་སྤྲོ་སེམས་སྐུལ་སློང་བྱེད་པར་ཕན་ཐོགས་ཡོད་པའོ། །
