དཔེ་ཆ་འདི་ནི་དབྱིན་ཡིག་ནས་བོད་ཡིག་ཏུ་སྒྱུར་སྒྲིག་བྱས་པའི་ན་ཆུང་བྱིས་པའི་རིག་གནས་ཀུན་འདུས་ཀྱི་ཀློག་དེབ་ཅིག་ཡིན་ལ། དེབ་འདི་ནི་རང་ཉིད་ཀྱི་ལུས་ཕུང་གི་ཕྱི་དབྱིབས་དང་ནང་གི་བྱེད་ལས་བར་གྱི་འབྲེལ་བ། དེ་བཞིན་དེ་དག་ནས་བྱུང་བའི་སྣང་ཚུལ་དང་བྱ་བ་བརྗོད་བྱར་བྱས་ཏེ་བྲིས་པ་ཞིག་ཡིན། དེབ་ཧྲིལ་བོར་གང་ཟག་གཉིས་པའི་ཐ་སྙད་ཀྱི་ལམ་ནས་ཀློག་པ་པོར་རང་ཉིད་ཀྱི་ལུས་ཕུང་ཕྱིའི་རྣམ་པ་དང་ནང་གི་དོན་ལྔ་སྣོད་དྲུག མིག་ཤེས་ཀྱི་འཛིན་བྱ་དང་རྣ་ཤེས་ཀྱི་ཉན་བྱ། ལུས་ཤེས་ཀྱི་རེག་བྱ་སོགས་ལ་ཤེས་རྟོགས་བྱེད་དུ་འཇུག་པ་དང་། འཚར་ལོངས་དང་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་འཕྲད་ངེས་པའི་ཕྱིའི་ལུས་ཀྱི་འགྱུར་བ་དང་ནང་བསམ་པའི་འགྱུར་ལྡོག་སོགས་གསལ་བཤད་བྱས་པ་བརྒྱུད། ཀློག་པ་པོར་རང་ཉིད་ཀྱི་ལུས་ཕུང་ལ་ཤེས་རྟོགས་དང་བདག་སྐྱོང་བྱེད་པའི་འདུ་ཤེས་སྐྱེས་སུ་འཇུག་ཐུབ། མདོར་ན། དེབ་འདི་ནི་ན་ཆུང་བྱིས་པའི་ཀློག་འདོན་གྱི་ཁྱད་གཤིས་དང་བསྟུན་ནས་རྩོམ་སྒྲིག་བྱས་ཤིང་། རི་མོ་དང་ཡི་གེ་ཤན་སྦྱར་གྱི་ལམ་ནས་མངོན་པས། ལོ་ཆུང་བྱིས་པ་དག་འཚར་ལོངས་ཀྱི་བརྒྱུད་རིམ་ཁྲོད། ཉེ་བར་མཁོ་བའི་སློབ་ཕྱིའི་དཔེ་དེབ་ལེགས་ཤོས་ཤིག་ཡིན་ནོ། །
